
༄༅། ཁམས་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་བསྟན་པའི་ཉི་མ་མཆོག་ནི། ནང་ཆེན་ཤར་ལུང་ཟླ་ཆུའི་འགྲམ་རཏྣ་བྲག་འོག་ཏུ། ཡབ་བུ་སྒྲོན་དང༌། ཡུམ་ཚེས་བཅུ་ལྷ་མོའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་བྱ སྤྱི་ལོ༡༨༤༩ ལོར་སྐུ་འཁྲུངས། ཀར་འབྲུག་དམ་པའི་སྐྱེས་བུ་རྣམས་དགོངས་བརྟགས་གུང་མཐུན་པར། རྗེ་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན། དགུང་གྲངས་བདུན་ལ་གདན་སར་སྤྱན་དྲངས་ཤིང་གསེར་ཁྲིར་མངའ་གསོལ། སྒྲུབ་སྤྲུལ་ཕྲིན་ལས་རྒྱ་མཚོ་དང༌། བླ་མ་བསོད་ནམས་མཁས་གྲུབ་སོགས། ཡོངས་འཛིན་དུ་མ་བསྟེན་ནས། རིག་གནས་དང་དབང་ལུང་མང་པོ་གསན་བཞེས་གནང༌། ཆོས་མགོན་བདུན་པ་ཆོས་ཀྱི་ཉིན་བྱེད་ཀྱི་མདུན་ནས། དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་མནོས་ཤིང༌། མཚན་ངག་དབང་མི་ཕམ་བསྟན་པའི་ཉི་མ་རྣམ་དག་ཆོས་ཀྱི་རྒྱ་མཚོ་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེར་གསོལ། རྗེ་དེ་ཉིད་ལས་སྒྲུབ་ཐབས་སྐོར་ལྔ་སོགས་སྨིན་བྱེད། ཕྱག་ཆེན་ཆོས་དྲུག་སོགས་ཁྲིད། ཀུན་མཁྱེན་བཀའ་འབུམ་སོགས་ཀྱི་ལུང་གསན། རྒྱལ་དབང་འབྲུག་པ་ངེས་དོན་བསྟན་པའི་ཉིན་བྱེད་དང༌། ཡོངས་འཛིན་དྲུག་པའི་ཞལ་སྔ་ནས་བསྙེན་པར་རྫོགས། གྲུབ་དབང་ངག་དབང་ཚོགས་གཉིས་མདུན་ནས། ཆོས་དྲུག་བསྲེ་སྙན་རོ་སྙོམས་སོགས་ཟབ་ཁྲིད་མང་པོ་དང༌། འཁྲུལ་འཁོར་བཅས་གསན། འཇམ་མགོན་ཀོང་སྤྲུལ། མཁན་བཀྲ་ཤིས་འོད་ཟེར། རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེ། གཏེར་སྲས་ཚེ་དབང་གྲགས་པ། ཀུན་བཟང་སྣང་མཛད་པའི་གཏེར་སྲས། རོང་མི་ཆོས་སྐྱོང་མགོན་པོ། རྫོགས་ཆེན་མི་འགྱུར་ནམ་མཁའ་རྡོ་རྗེ། ཁྲོ་ཏམ་བླ་མ་བསྟན་རྒྱལ་སོགས་རིས་མེད་བླ་མ་མང་པོ་ལས་བཀའ་གཏེར་གསར་རྙིང་གི་སྨིན་གྲོལ་ལུང་ཆོས་མང་དུ་གསན། དགུང་ལོ་ཉེར་བཞི་ནས་དབེན་གནས་པདྨ་ལུང་དུ། མཚམས་སྒྲུབ་བཅད་རྒྱ་མང་པོ་མཛད་དེ། ཐབས་གྲོལ་གྱི་བརྟུལ་ཞུགས་སྤྱོད་པ་དུས་སུ་བབ་སྟེ། གསང་བའི་ལས་རྒྱ་ཚེ་ལྷ་བདག་གིར་བཞེས། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། བཀའ་བབ་བདུན་གྱི་གདམས་ངག་མ་ལུས་པ་བུམ་པ་གང་བྱོར་བསྩལ་བཞེས་གནང་ཞིང༌། གཏེར་འབྱིན་དབང་པོར་མངའ་གསོལ། ཀེ་རོང་རྡོ་རྗེ་ཅོང་ཕུག་ནས། བསྟན་གཉིས་ཐུགས་གཏེར་གཏན་ལ་ཕབ་པ་སོགས། ཆོས་ནོར་དམ་རྫས་ཀྱི་ཁྲོམ་གཏེར་བཞེས། སྦས་གནས་སྟག་ཚང་ཟླ་གམ་དབང་ཕུག་གནས་སྒོ་དང༌། སྒྲུབ་ཆུ་བཏོན་ཅིང་ཞབས་རྗེས་བཀོད། དབུས་སུ་ལན་མང་པོར་ཕེབས་ཏེ། གནས་གཟིགས་དང་འབྲེལ། མཐུ་ཆེན་བརྒྱད་པ་སོགས། སྟོད་འབྲུག་གི་བླ་སྤྲུལ་ཕལ་ཆེ་བ་ལ། འབྲུག་ལུགས་གཙོར་གྱུར་བཀའ་གཏེར་གྱི་དབང་ལུང་རྒྱ་ཆེར་བསྩལ། དྲག་ལྡན་ཆོས་སྐྱོང་ཆེན་པོའི་ལུང་གིས་བསྐུལ་ཏེ་བོད་གཞུང་གི་ཞབས་རིམ་དུ། བླ་མ་གསང་འདུས་ཀྱི་སྒོ་ནས་རྟགས་ཐོན་དུ་བསྒྲུབས། བདུད་རྩི་སྨན་གྱི་སྒྲུབ་ཆེན་ཡང་ལན་མང་པོ་མཛད། གོ་རོང་ནང་འཁྲུག་དང༌། གོ་བྲག་རྩོད་ཟློས་རྣམས་ཞི་འགྲིགས་བླ་མེད་བསྩལ། བསྟན་འགྲོའི་དོན་མཛད་བཞིན་པར། གློ་བུར་དུ་དགུང་ལོ་ང་དགུ་པ་མེ་ལུག་ སྤྱི་ལོ ༡༩༠༧ ལོར་དཔལ་ཐོག་ཁར་གཟུགས་སྐུའི་བཀོད་པ་བསྡུས་སོ། །ཞལ་སློབ་ལ་ནི། མཐུ་ཆེན་བརྒྱད་པ། ཅོག་གྲྭ་བདུན་པ། གྲུབ་དབང་ཤཱཀྱ་ཤྲཱི། འཁྲུལ་ཞིག་སྐུ་ཕྲེང་དྲུག་པ་དང་བདུན་པ། མཚན་སྤྲུལ་གསུམ་པ། འབྲུ་འཇམ་དབྱངས་གྲགས་པ། ཆུ་ངོགས་པད་དཀར་སྤྲུལ་སྐུ། ནུབ་དགོན་ཆོས་རྒྱལ་དྲུག་པ། བྱམས་མེ་ཆོས་དཔལ་རྒྱ་མཚོ་སོགས། མཁས་གྲུབ་ཀྱི་སྐྱེས་བུ་འགྲན་ཟླ་དང་བྲལ་བ་མང་པོ་བྱུང་ངོ༌། །