
༄༅། །ཁམས་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་མི་ཕམ་སངས་རྒྱས་བསྟན་འཛིན་མཆོག་ནི། ནང་ཆེན་ཟླ་སྟོད་ཤར་ལུང་ཚྭ་པ་ཡུས་པར། ཡབ་ཡུམ་ལྷུན་ཆོས་ཞེས་པའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་བྱ་ སྤྱི་ལོ་༡༩༠༩ ལོར་འཁྲུངས། གདན་ས་འབྲུག་བདེ་ཆེན་ཆོས་འཁོར་གླིང་གི་ཞབས་དྲུང་རྡོ་རྗེ་འཛིན་པ་ནས་གསལ་བར་ངོས་འཛིན་གནང༌། དགུང་ལོ་དྲུག་པར་དགོན་གྱི་བླ་མ་ལས་འཛིན་རྣམས་ཕེབས་ནས་གོང་མའི་སྐུ་ཆས་སོགས་སྤྱན་སྔར་བཀྲམ་པ་རྣམས། གོང་མ་བསྟན་པའི་ཉི་མའི་གསོལ་ཞལ་མ་ནོར་བར་ངོ་མཁྱེན། དེ་ནས་གདན་སར་སྤྱན་དྲངས་ཤིང་ཁྲི་གསོལ་ཞུས། ཧ་ར་དཔལ་འབྱོར་གྱིས་ཡིག་ཀློག་སོགས་སྐུ་ཡོན་ཕུལ་བས་ཚེགས་མེད་མཁྱེན། ཞབས་དྲུང་རྡོ་རྗེ་འཛིན་པའི་དྲུང་དུ་གཙུག་ཕུད་ཕུལ་བས་མཚན་མི་ཕམ་སངས་རྒྱས་བསྟན་འཛིན་ཞེས་གསོལ། ཞབས་དྲུང་དང་ཡོངས་འཛིན་ཟུང་གི་ཞབས་པད་བསྟེན་ནས་རང་ལུགས་སྨིན་སྐོར་མང་ཙམ་གསན། ཁྱད་པར་གོང་མའི་ཞལ་སློབ་མཁས་གྲུབ་འབྲུ་འཇམ་དབྱངས་གྲགས་པའི་དྲུང་དུ་སྔ་ཕྱི་ཐེངས་གཉིས་ཕེབས་ནས། དྭགས་པོའི་ཆོས་བཞིའི་རྣམ་བཤད། ལམ་མཆོག་རིན་ཆེན་ཕྲེང་བའི་དམར་ཁྲིད། ཁྲིད་ཆེན་བརྒྱད། ཁྲིད་ཆུང་བརྒྱད། ལམ་ཟབ་ཁྲིད་ཆེན། སྙན་རྒྱུད་ཁྲིད་ཆེན། རོ་སྙོམས་སྐོར་དྲུག ། རི་ཆོས་མ་དྲུག ། ཐུབ་པ་ལྔ། དགེ་སྦྱོར་བདུན་མའི་ཁྲིད། རྟེན་འབྲེལ་སྐོར་གྱི་ཟབ་ཁྲིད། བླ་མ་ཡང་ཏིག་སོགས་སྨིན་གྲོལ་དཔག་མེད་གསན། རྟོགས་ལྡན་སྨིན་གྲོལ་ལས་ཀྱང་བསྲེ་སྙན་སྐོར་སོགས་གསན་བསམ་མཛད། མཁན་ཆེན་ཚེ་རྡོར་ལས་སྡོམ་གསུམ། སྤྱོད་འཇུག ། དབུ་འཇུག་སོགས་གཞུང་རིག་གནས་དང༌། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལས་སྔ་འགྱུར་རྙིང་མའི་ཆོས་བཀའ་མང་པོ་གསན་སྦྱང་གནང་ནས། ལུང་དང་རྟོགས་པའི་ཡོན་ཏན་དུ་མས་ཀུན་ནས་མཛེས་ཤིང༌། མཁས་བཙུན་བཟང་གསུམ་ལ་ཀུན་གྱིས་བསྟོད་ཅིང་བསྔགས་པའི་གནས་སུ་གྱུར། འོན་ཀྱང་ཕྱི་ནང་བསྐལ་དུས་ངན་པའི་རྐྱེན་གྱིས་གློ་བུར་དུ་མཛད་འཕྲོ་བརྟུལ་ཏེ། དགུང་ལོ་ཉེར་གཅིག་པ་ས་སྦྲུལ་ སྤྱི་ལོ་༡༩༢༩ ལོར་ཞི་བར་གཤེགས་སོ། །