གཙོ་ངོས། / ༸རྒྱལ་བ་མདོ་ཁམས་པ་སྐུ་ཕྲེང་དགུ་པ།

༸རྒྱལ་བ་མདོ་ཁམས་པ་སྐུ་ཕྲེང་དགུ་པ།

དཔལ་ལྡན་ངེས་དོན་བཤད་སྒྲུབ་ཉི་མ་རིན་པོ་ཆེ།

ཁམས་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་༸ དཔལ་ལྡན་ངེས་དོན་བཤད་སྒྲུབ་ཉི་མ་འཇིགས་མེད་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་མཆོག་ནི། གནས་ཡུལ་ཉེར་བཞིའི་ནང་ཚན་ཀ་མ་རཱུ་པ་སོགས་སྔོན་བྱོན་གྲུབ་པའི་དབང་ཕྱུག་མང་པོས་དངོས་དང་བརྒྱུད་ནས་གསང་བ་གསུམ་གྱི་བྱིན་རླབས་སྩལ་བའི་གནས་ཆེན་དུ་མས་བསྐོར་བ། འབུལ་སྡེ་ལ་ཞེས་ནོར་འཛིན་གྱི་ཐིག་ལེར། རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་ལོ་སྟེ། སྤྱི་༡༩༨༠ ལོའི་ཟླ་བ་༡༡ པའི་ཚེས་༢༣ ཉིན་ཡབ་རིག་གྲོལ་ལམ་བཟང་ཚེ་རིང་དང་། ཡུམ་སྐལ་བཟང་ཆོས་འཛོམས་གཉིས་ཀྱི་སྲས་སུ་ངོ་མཚར་བའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་སྐུ་འཁྲུངས། རྗེ་ཉིད་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ། ཡུམ་ཆེན་མཆོག་གིས་གཟིམ་ལམ་དུ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་མཁའ་དབྱིངས་ནས་འཇའ་སྐས་བརྒྱུད་དེ་ཕེབས་པར་ཡུམ་ཆེན་མཆོག་ནས་ཕེབས་བསུའི་བསང་གི་དུད་པས་ནམ་མཁར་ཁྱབ་པར་བདུག་པ་དང་། གླང་ཆེན་ཐལ་དཀར་ཡིད་དུ་འོང་བ་ཞིག་ཡབ་གཞིས་སུ་བཞུགས་པ་སོགས་རྨིས། སྐུ་གོང་མ་དགོངས་པ་གཤེགས་རྗེས་༸རྒྱལ་དབང་ཀརྨ་པ་མཆོག་ཐུགས་ཕམ་ཚད་མེད་གནང་ཞིང་། བཀའ་བརྒྱུད་པའི་བསྟན་པར་བར་ཆད་ཆེན་པོ་བྱུང་སོང་ཞེས་ཡང་ཡང་གསུངས་པའི་མཐར།
དམ་པ་དེ་ཉིད་ཀྱི་ཡང་སྲིད་འཁྲུལ་བྲལ་མྱུར་དུ་འབྱོན་པར་འགྱུར་བས་ང་རང་ནས་ངོས་འཛིན་བྱ་ཆོག་ཅེས་བཀའ་ཕེབས་པ་བཞིན། ༸རྒྱལ་མཆོག་རིག་པའི་རྡོ་རྗེ་ཁོང་དང་། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ཟུང་གིས་ཡེ་ཤེས་ཀྱི་གཟིགས་པ་དྲི་མ་མེད་པ་རྡོ་རྗེའི་ལུང་གིས་སྐབས་ཕྱེས་ཏེ། གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་། དེ་ནས་༸སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་དང་། མཁྱེན་བརྩེ་ཡེ་ཤེས་རིན་པོ་ཆེ། སྐུ་གོང་མའི་ཉེ་གནས་འབྲོང་པ་སྤྲུལ་སྐུ་རིན་པོ་ཆེ་སོགས་ཕེབས་ནས། ཁྲུས་གསོལ་དང་ན་བཟའ་ཕུལ་བ་སོགས་མཛད་པས་མཁའ་དབྱིངས་སུ་འཇའ་ཚོན་གྱི་དྲྭ་བ་མཛེས་པར་བཞད་ཅིང་། བདུད་རྩིའི་ཟིལ་མ་ལྷུང་ལྷུང་དུ་བབས་པ་སོགས་ངོ་མཚར་གྱི་སྣང་བས་ཁྱབ། དེ་ནས་གནམ་ལོ་གསར་དུ་བཞད་པའི་ཡར་ཚེས་དྲུག་པའི་དུས་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་གཙོས་གོང་མའི་བུ་སློབ་ཡོངས་ཀྱིས་མི་འཇིགས་གདོང་ལྔའི་ཁྲི་འཕང་མཐོན་པར་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མགོན་པོར་མངའ་གསོལ་ཞིང་ཡང་དག་པར་གཟེངས་བསྟོད།

༸ སྐྱབས་མཆོག་འཁོར་ལོ་མགོན་པོ་གྲུབ་དབང་རྡོ་རྫོང་རིན་པོ་ཆེ་དང་མཁན་རིན་པོ་ཆེ་ལྷ་དབང་རྡོ་རྗེ་མཆོག་གི་ཞབས་པད་བསྙེན་ཏེ། རྗེ་གོང་མ་རྣམས་ཀྱི་གདམས་ངག་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་ནས་འཇའ་ཚོན་པོད་དྲུག་སོགས་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་དང་། ༸སྐྱབས་རྗེ་ཨ་སྡེའུ་རིན་པོ་ཆེ་དང་། ༸སྐྱབས་རྗེ་སེང་བྲག་རིན་པོ་ཆེ། འབྲོང་སྤྲུལ་རིན་པོ་ཆེ་སོགས་ལས། ལྟ་བ་ཕྱག་རྒྱ་ཆེན་པོ་དང་། སྒོམ་པ་ནཱ་རོ་ཆོས་དྲུག སྤྱོད་པ་རོ་སྙོམས་སྐོར་དྲུག འབྲས་བུ་རྟེན་འབྲེལ་རབ་བདུན། ལམ་ཟབ་མོ་བླ་མའི་རྣལ་འབྱོར། གཞན་ཡང་འཕྲལ་དགོས་ཆོས་བཞི། སྒྲུབ་ཐབས་སྐོར་ལྔ། བཀའ་བརྒྱུད་གོང་མ་རྣམས་ཀྱི་བཀའ་འབུམ་གྱི་ལུང་སོགས་གདམས་པ་མ་ལུས་གསན་བཞེས་མཛད། ལྷོ་འབྲུག་བསྟན་པའི་མངའ་བདག་རྗེ་མཁན་པོ་ཁྲི་རབས་བདུན་ཅུ་པའི་སྐུ་མདུན་ནས་དྭགས་བརྒྱུད་སྙིང་པོ་དོན་བརྒྱུད་དབྱར་རྔ་པའི་དམ་ཆོས་འདུལ་བའི་སྡོམ་རྒྱུན་གྱི་བྱིན་རླབས་མ་ཉམས་པའི་བརྒྱུད་པ་རིན་པོ་ཆེ་དེ་ཉིད་ལ། བསྙེན་པར་རྫོགས་པའི་ཚེ་ནམ་མཁའ་གཡའ་དག་པའི་ཀློང་ནས་གཡུ་འབྲུག་སྔོན་མོའི་སྒྲ་དབྱངས་ལྷང་ལྷང་དུ་སྒྲོགས་པ་སོགས་ངོ་མཚར་བའི་དགེ་མཚན་ཐུན་མོང་དུ་སྣང་། ༸ སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་དང་ལྷོ་བྲག་ནམ་སྙིང་རིན་པོ་ཆེའི་སྐུ་མདུན་ནས་རིན་ཆེ་གཏེར་མཛོད་ཀྱི་དབང་ལུང་ཡོངས་རྫོགས་གསན་པ་དང་། ༸སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེའི་ཞལ་སྔ་ནས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལྗགས་ལུང་གསན་པ་སོགས་མཛད་པས། མཁས་བཙུན་བཟང་པོའི་སྙན་གྲགས་ནོར་འཛིན་ཡོངས་པོར་ངང་གིན་ཁྱབ་བཞིན་པ་དང་འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་སར་ཆོས་ཀྱི་གོམ་སྟབས་བསྒྱུར་ཏེ། བསྟན་འགྲོའི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་དང་། རྒྱུན་དུ་བྱེས་ཀྱི་གདན་ས་ཁམས་པ་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དུ་སྐུ་མཚན་དཔེའི་གཟུགས་སྐུ་འགྲོ་བའི་མགོན་དུ་འཚོ་ཞིང་བཞུགས་སོ། །

Show Buttons
Hide Buttons