གཙོ་ངོས། / ༸རྒྱལ་བ་མདོ་ཁམས་པ་སྐུ་ཕྲེང་གཉིས་པ།

༸རྒྱལ་བ་མདོ་ཁམས་པ་སྐུ་ཕྲེང་གཉིས་པ།

མདོ་ཁམས་པ་ཀུན་དགའ་བསྟན་འཕེལ་ལ་ན་མོ།

༄༅། ཁམས་སྤྲུལ་སྐུ་ཕྲེང་གཉིས་པ་མདོ་ཁམས་པ་ཀུན་དགའ་བསྟན་འཕེལ་མཆོག་ནི། ཆབ་མདོའི་རྫ་རྒྱུད་དབེས་མདར། ཡབ་ཉ་རྒྱས། ཡུམ་ལྷ་མོ་དཀར་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་ཡོས་སྤྱི་ལོ་༡༦༣༩ ལོར་སྐུ་བལྟམས། ཆུང་དུས་གཅེན་སི་ཏུ་ཕྲིན་ལས་རབ་བརྟན་དང་ལྷན་དུ་ཀརྨ་དགོན་ཆེན་དུ་བཞུགས་ཏེ། འབྲི་ཀློག་སོགས་རིག་གནས་ལ་མཁས་པར་མཛད། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ་ཀྱིས། ཁམས་སྤྲུལ་གོང་མའི་ཡང་སྤྲུལ་ཡིན་པ་དང་། གདན་ས་འབྲུག་བདེ་ཆེན་ཆོས་འཁོར་གླིང་དུ་ཡར་བྱོན་དགོས་ཚུལ་གྱི་བཀའ་འཕྲིན་ཕེབས་པ་ལྟར། རྩ་འཛིན་ལེགས་པར་ཞུས་ཤིང༌། རྫ་རྒྱུད་གྱིང་ཐང་དུ་རྗེ་བསོད་ནམས་རྒྱ་མཚོས་ཟབ་ཆོས་བཙུགས་སར་ཐོག་ཅིག་བཞུགས་རྗེས། ཚོགས་བརྒྱ་མའི་མཐིལ་དུ་གདན་དྲངས་ཏེ་ཁྲི་གསོལ་མཛད། གོང་མའི་སློབ་ཆེན་དཀོན་མཆོག་རྒྱ་མཚོ། ཕྲིན་ལས་རྒྱ་མཚོ། དཀོན་མཆོག་རིན་ཆེན། སངས་རྒྱས་རིན་ཆེན། གཞན་ཕན་རིན་ཆེན་སོགས་རྗེ་བསོད་ནམས་རྒྱ་མཚོ་དང་ལྷན་དུ་རི་བོར་ཆེར་ཕེབས། དེར་ཞབས་དྲུང་རིན་པོ་ཆེ་སྐུ་མཚམས་དང་ཁེལ་ཀྱང་ནན་ཞུས་ངོར། གཟིགས་པ་ཆེན་པོས་སངས་རྒྱས་དབོན་གྱི་ཞལ་གཟིགས་གུར་ལྷ་བརྒྱད་ཀྱི་དབང༌། སྤྲག་བཙན་གྱི་བཀའ་གཏད་སོགས་གནང༌། གདན་འབྲུག་བདེ་ཆེན་ཆོས་འཁོར་གླིང་དུ། ཡོངས་འཛིན་རིན་པོ་ཆེའི་སྤྱན་སྔར་བྱོན། ཚིགས་གསུམ་གྱི་བསླབ་པ་རིམ་གྱིས་མནོས་ཤིང༌། མཚན་ཀུན་དགའ་བསྟན་འཕེལ་དུ་གསོལ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང་བསྲེ་སྙན་སོགས་ཟབ་ཁྲིད་དུ་མ། འཁོར་ལོ་སྡོམ་པ་དང་རྡོ་རྗེ་རྣལ་འབྱོར་མ་སོགས་ཀྱི་སྨིན་དབང་ཞུས། གསན་སྒོམ་སྟབས་སུ་མཛད་པས། ཡུན་རིང་ངལ་བ་མ་དགོས་པར། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཉམས་མྱོང་མཐའ་རུ་ཕྱིན་ཏེ། ཡོངས་འཛིན་རིན་པོ་ཆེའི་ཞལ་ནས། མདོ་ཁམས་ངག་དབང་བསྟན་འཕེལ་གྱི་སྤྲུལ་པ་ཁྱོད་ལ་ཡང་ཐང་ལ། བྱུང་ཡང་བྱུང་འདུག་གསུངས་ནས་ཐུགས་ཤིན་ཏུ་མཉེས། ས་སྐྱ་ཞབས་དྲུང་ཀུན་དགའ་བསོད་ནམས་ལས་ལམ་འབྲས་ཀྱི་ཁྲིད་རྒྱས་པ་གསན་ཞིང༌། མཐུ་ཆེན་གསུམ་པ་མི་ཕམ་ཆོས་ཀྱི་དབང་ཕྱུག་ལས། དབང་ཆོས་སྤེལ་མར་གསན་བཞེས་གནང་བ་སོགས་བླ་མ་དུ་མ་བསྟེན། ཁམས་སུ་མ་ཕེབས་པར་གདན་ས་བདེ་ཆོས་ཀྱི་སྒྲིགས་རྒྱུན་རང་དུ་བཞུགས། གསུང་སྙན་པས་དང་པོར་དགོན་པའི་དབུ་མཛད་ཆེན་མོ་དང་། བར་དུ་རྡོ་རྗེ་སློབ་དཔོན་མཛད། ཆོག་ཕྱག་ལ་མཁས་པའི་སྙན་གྲགས་ཐོན། ལྷག་པའི་ལྷ་དུ་མའི་སྒྲུབ་པ་དང་བསྙེན་པ་མང་པོ་གནང་ཞིང༌། རྗེས་གནང་ཉེར་གཉིས་མའི་ལྷ་རེ་རེ་བཞིན་གྱི་གྲངས་རྒྱས་པ་རེ་ཐེམས་པར་མཛད། རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྙིང་པོ་དུང་ཕྱུར་གསུམ་ཙམ་ལྗགས་བསྙེན་གནང༌། དབེན་གནས་གཡའ་རི་སྨུག་པོར་སྒྲུབ་པར་བཞུགས་དུས་གུ་རུ་པདྨའི་ཞལ་གཟིགས་ཤིང༌། རྗེས་སུ་བཟུང་བའི་ལུང་བསྟན་བསྩལ། སྐུ་ཚེ་སྨད་དུ་བྱང་ཆུབ་སྡིངས་ཀྱི་བླ་མར་ཕེབས་ནས། དགོན་གནས་ཉམས་གསོ་དང༌། དད་སྦྱིན་གྱི་རེ་སྐོང་སོགས་བསྟན་འགྲོའི་དོན་ཅི་ཡང་མཛད་པའི་མཐར། ཚུར་རོལ་བྱིས་པའི་སྣང་ངོར། ཨ་ཁུ་བདུད་ཟེར་བ་ཞིག་གིས་གསོལ་ངན་ལན་གསུམ་ཞུས་པའི་དང་པོ་གཉིས་ལྷ་སྲུང་གི་ནུས་པས་ལམ་དུ་ཟགས་ནས་ཞུ་བ་མ་བྱུང་ཡང༌། སྐུ་ཚེའི་འདུ་བྱེད་གཏུགས་ཏེ་རྗེས་མ་དེ་བཞེས་པའི་རྐྱེན་གྱིས་དགུང་ལོ་བཞི་བཅུ་པ་ས་རྟ སྤྱི་ལོ་༡༦༧༨ ལོར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་སོ། །

Show Buttons
Hide Buttons