གཙོ་ངོས། / བྱེས་ཀྱི་གདན་སའི་བྱུང་བ།

བྱེས་ཀྱི་གདན་སའི་བྱུང་བ།

ཁམས་སྒར་བྱེས་ཀྱི་གདན་ས་བཀྲ་ཤིས་ལྗོངས་ནི། ༧རྒྱལ་བ་མདོ་ཁམས་པའི་གདན་ས་བཞི་པ་དེ་ཡིན་ཞིང་།གདན་ས་དང་པོ་ནི་མདོ་ཁམས་པ་དང་པོ་ཀརྨ་བསྟན་འཕེལ་གྱིས་ར་ལ་ཕུག་ཆུང་རྫོང་དུ་༡༦༢༥བཏབས་པའི་ཉི་འོད་ཆོས་འཕེལ་རྫོང་ངམ་མི་ཤིག་རྡོ་རྗེའི་ཡང་རྫོང་ཞེས་གྲགས་པ་དེ་ཡིན། གདན་ས་གཉིས་པ་ནི་མདོ་ཁམས་པ་གསུམ་པ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་ལྷ་ཐོག་རྒྱལ་པོའི་མངའ་ཁོངས་སྒར་ཉག་དཀར་མོའི་རི་ཁུག་ཏུ་ཕྱག་བཏབ་མཛད་པའི་འབྲུག་ཐེག་ཆེན་གླིང་ཡིན།གདན་ས་གསུམ་པ་ནི་ཀུན་མཁྱེན་ཆོས་ཀྱི་ཉི་མས་སྒར་ཉག་གཞུང་དུ་༡༧༤༦ཕྱག་བཏབ་གནང་བའི་ཁམས་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་ཡིན་ཞིང་འདི་དང་གདན་ས་རྙིང་པ་གཉིས་ས་གནས་ལུང་པ་གཅིག་གི་སྟོད་སྨད་ལ་བར་ཐག་ལེ་བར་འགའ་ཤས་ལས་མེད་པ་ཡིན།གདན་ས་བཞི་པ་ནི་༧རྒྱལ་མཆོག་མདོ་ཁམས་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མས་གནས་ཆེན་ཉེེར་བཞིའི་ཡ་གྱལ་སྤྱི་བོ་ཛལེནྡཱ་རའི་ཉེ་འཁྲིས་སུ་༡༩༦༦ཕྱག་བཏབ་པའི་བཀྲ་ཤིས་ལྗོང་དགོན་པ་རེད།དགོན་འདིའི་བསྟན་པའི་༧རྒྱལ་མཆོག་མདོ་ཁམས་པ་སྐལ་བཟང་དོན་བརྒྱུད་ཉི་མ་ཐོག་མར་རྒྱ་གར་དུ་ཕེབས་རྗེས་ཀབ་ལི་སྤུང་དུ་གནས་སྐབས་བཞུགས་ཤིང་།དེར་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་པ་བླ་ན་མེད་པ་བསྐྱངས་རྗེས།ས་གནས་ཀང་ར་རྫོང་ཁོངས་ད་ལྟའི་བཀྲ་ཤིས་ལྗོངས་དང་ཉེ་བ་བྷུ་ནུ་རིས་ལ་ཡང་གནས་སྐབས་ཙམ་དུ་བསྟན་རྒྱུན་ལ་ཕན་ངེས་ཀྱི་མཛད་པ་བསྐྱངས་བར་མཛད།དེ་ནས་སླར་ཡང་ཧི་མ་ཅལ་ཅམ་པ་རྫོང་ཁོངས་སུ་ཡོད་པའི་ཌཱ་ལ་ཧོའོ་སི་ཞེས་པའི་ས་གནས་སུ་ཡང་དེ་མཚུངས་ཀྱིས་མཛད་པ་བསྐྱངས་ནས།མཐར་༡༩༦༨ལོར་བཀྲ་ཤིས་ལྗོངས་སུ་གདན་ས་གཏན་ཆགས་གནང་བ་རེད།ཐོག་མའི་ཆར་ལག་ཤེས་བཟོ་གྲྭ་དང་།དགོན་པའི་ཆོས་སྤྱོད་སློབ་གཉེར་ཁང་དང་གཉིས་ཡོད་ལ།ད་སྐབས་དགོན་པའི་ཆོས་སྤྱོད་ཁང་ལ་བཤད་གྲྭ་དང་།སྒྲུབ་གྲྭ།ཆོག་གྲྭ་གསུམ་ཡོད།ཆོག་གྲྭ་ནི་སྒྲུབ་ཕྲིན་ཚོགས་སྒྲུབ་བྱེད་མཁན་གཞུང་གྲྭ་འམ་གྲྭ་ཚང་ཞེས་འབོད་པ་དེ་རེད།གྲྭ་ཚང་གསུམ་ནི་རྩ་བའི་འཛིན་སྐྱོང་གཅིག་གི་འོག་ལ་ཡོད་ཅིང་།གྲྭ་ཚང་གསུམ་ཀའི་བསྟན་པའི་བདག་པོ་ནི་༧རྒྱལ་མཆོག་མདོ་ཁམས་པ་ཁོ་ན་ཡིན་པ་རེད།བཤད་གྲྭ་ལ་སྔོན་འགྲོ་ལ་དངོས་གཞི་གཉིས་ཡོད་པའི་ལོ་རྒྱུས་ལོགས་སུ་ཡོད་པ་དང་།སྒྲུབ་གྲྭ་ལ་འབྲུག་པ་བཀའ་བརྒྱུད་ཐུན་མིན་གྱི་གདམས་པ་བཀའ་རྒྱ་ཅན་ལྔ་དང་།འཕྲལ་དགོས་ཆོས་བཞི།སྒྲུབ་ཐབས་སྐོར་ལྔ་སོགས་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་བརྩོན་པའི་སྒྲུབ་ཁང་སྒྲུབ་གྲྭ་བཅུ་གསུམ་ཙམ་ཡོད་པ་དང་།ཁྲོ་ཆུའི་སྒྲུབ་ཁང་དུ་སྒྲུབ་གྲྭ་དྲུག་ཙམ་ཡོད་པ་གཉིས་ཀ་རང་གཞན་གཏན་གྱི་དོན་ཆེན་བསྒྲུབ་ཕྱིར་དམིགས་བསལ་གྱི་གནས་ཚུལ་འདྲ་མ་ཡིན་ན་ལོ་དང་ཟླ་བའི་བཅད་བགོས་མེད་པ་དུས་གཏན་དུ་སྒྲུབ་པ་གནང་མཁན་ཡིན་པས།སྒྲུབ་ཁང་གོང་འོག་གཉིས་ཀའི་ནང་དུ་ལོ་གྲངས་སུམ་ཅུ་ཡར་མར་གྱི་རིང་ལ་སྒྲུབ་པ་འབའ་ཞིག་གནང་མཁན་མང་པོ་ཡོད་པ་རེད།སྤྱིར་བོད་ཀྱི་དགོན་སྡེ་ཁག་ལ་ལོ་གསུམ་ཕྱོགས་གསུམ་ཟེར་བ་ལོ་གསུམ་ནས་མཚམས་གྲོལ་བའི་ལུགས་སྲོལ་ཡོད་ཀྱང་འདི་ནི་དེ་ལྟར་མིན་པར་དུས་གཏན་དུ་སྒྲུབ་ཁང་རང་ལ་བཅད་རྒྱ་གནང་གི་ཡོད་པས་སྒྲུབ་ཁང་འདི་ནས་སྒྲུབ་པའི་འབྲས་བུ་མངོན་སུམ་མིག་གི་ཡུལ་དུ་བསྟན་རྒྱུ་ཡོད་པ་མང་པོ་བྱུང་བ་ཡོངས་གྲགས་སུ་ཆགས་ཡོད་པ་རེད།སྤྱིར་ཁམས་སྒར་སྒྲུབ་སྡེའི་ལོ་རྒྱུས་ལོགས་སུ་ཡོད་པས་འདིར་ས་བཅད་ཙམ་ལས་མང་པོ་བྲིས་མེད་དོ།གྲྭ་ཚང་དང་།སྔགས་གྲྭགཞུང་གྲྭ་ཞེས་མིང་སྣ་ཚོགས་ཀྱིས་བོས་ཀྱང་དོན་དག་གོ་ས་གཅིག་རང་ཡིན་པས་དེ་ལའང་སྔོན་འགྲོའི་སློབ་གྲྭ་དང་དངོས་གཞི་ཚོགས་གྲྭ་གཉིས་ཡོད།སྔོན་འགྲོའི་སློབ་གྲྭར་རང་ལོ་ཉི་ཤུ་མ་ལོན་བར་དུ་ཀ་ཁའི་འབྲི་ཀློག་དང་།བོད་ཡིག་སྦྱོར་ཀློགདཀྱིལ་ཆོག་གི་འདོན་ཆ་བློ་ལ་འཛིན་པ་དང་།སུམ་རྟགས་དག་གསུམ་ལ་སྦྱོང་བ།ནང་ཆོས་སྔོན་འགྲོ་བློ་སྦྱོང་གི་སྐོར་དང་།རྒྱལ་སྲས་ལག་ལེན།ས་སྐྱའི་ལེགས་བཤད།ཞོར་དུ་རྩོད་པའང་ཏོག་ཙམ་སྦྱོང་གི་ཡོད།རང་ལོ་ཉི་ཤུ་ལོན་པ་དང་ཚོགས་གྲྭར་ཞུགས་ནས།འདོན་རྟ་དབྱངས།ཐིག་རྡུལ་མཚོན།དུང་རྒྱ་གླིང་།གཏོར་བཟོ་མར་རྒྱན།འཆམ་གར་སྟབས་སོགས་ལ་རང་བློ་དང་འཚམས་པར་སྦྱངས་ནས་རང་རང་གི་ལས་འགན་སྒྲུབ་ཀྱི་ཡོད།སྤོང་ཀློག་གཉིས་གྲྭ་པའི་ལས་འགན་བླ་ན་མེད་པ་ཡིན་པ་གཞིར་བཞག་ཐོགགྲྭ་ཚང་གི་འཚོ་བ་རང་ཁ་རང་གསོ་ཡིན་པས་དེའི་ཐད་ལ་ཐབས་ཤེས་བཟོ་མཁན་གྲྭ་ཚང་གི་གཉེར་པ་ལོ་གསུམ་ཙམ་ལ་རེས་མོས་ཀྱི་ཁུར་ཀྱི་ཡོད་པས།གྲྭ་བགྲེས་གཞོན་གསུམ་ནས་ལོ་གསུམ་སྤྱི་གཏང་དམིགས་བསལ་དེ་ལས་མང་བ་ཡང་ཁུར་གྱི་ཡོདདང་།སྐུ་མདུན་དང་།གྲྭ་ཚང་གི་ཐབ་གཡོག་ལོ་རེ།འབུམ་སྡར་སྒྲོལ་མ་ལྷ་ཁང་དུ་བླ་བསྐོས་གྲྭ་རྒན་གཞོན་གསུམ་རེ་ལོ་རེ།རྒྱུན་ལྡན་གྱི་ཁ་འབུད་ལག་རྡུང་དང་།སྒྲུབ་པའི་སྐབས་ཀྱི་ཁ་འབུད་ལག་རྡུང་སོགས་རེས་མོས་ཀྱིས་བྱེད་དགོས་པ་རེད།ལོ་རེའི་ནང་དུ་བོད་ཟླ་གསུམ་པའི་ཉི་ཤུ་ལྔ་ནས་ཟླ་བ་གཅིག་ལ་དབྱར་གནང་གུང་སེང་མ་གཏོགས་རྒྱུན་དུ་དགོན་པ་རང་ལ་རྟག་བཞུགས་གནང་དགོས་ཀྱི་ཡོད་པ་དང་།ཟླ་བ་བྱུང་ངོ་ཅོག་གི་ཡར་མར་གསོ་སྦྱོང་ཆད་ལུས་མེད་པ་དང་།ཟླ་བ་བྱུང་ངོ་ཅོག་གི་ཚེས་གསུམ་ལ་ཚེ་རིང་མ་དང་ཇག་མེའི་གསོལ་ཁ་རྒྱས་པ་རེ་དང་།ཚེས་དྲུག་ལ་ཞིང་སྐྱོང་དང་།གཡུ་སྒྲོན་མའི་གསོལ་ཁ།ཚེས་བརྒྱད་ལ་སྤྲག་བཙན་གྱི་གསོལ་ཁ།ཚེས་བཅུའི་ཉིན་ཚོགས་ལ་དཀོན་མཆོག་སྤྱི་འདུས་ཏེ་ཞི་དྲག་སེང་གསུམ་ཚོགས་མཆོད་དང་བཅས་པ།རྣམ་སྲས་དང་།གཏེར་མའི་གསོལ་ཁ།ཚེས་བཅུ་གཅིག་ལ་དཔལ་ལྡན་ལྷ་མོའི་གསོལ་ཁ།ཚེས་བཅོ་ལྔ་ལ་ལྷ་མོའི་གསོལ་ཁ།ཚེས་བཅོ་བརྒྱད་ལ་གེ་སར་གསོལ་ཁ། ཚེས་ཉི་ཤུ་ལ་གུར་གྱི་མགོན་པོ་དང་།དཔལ་མགོན་ཞལ་བཞིའི་གསོལ་ཁ།ཉེར་ལྔའི་ཉིན་ཚོགས་ལ་རེས་མོས་ཀྱི་བདེ་མཆོག་དང་།བསྟན་གཉིས།ཟླ་གསོལ་རྒྱལ་པོ་པེ་ཧར་དང་།གནོད་སྦྱིན་ཙེའུ་དམར་གྱི་གསོལ་ཁ།ཉེར་དགུའི་ཉིན་ཚོགས་ལ་དགོན་པོའི་ཚོགས་མཆོད་དང་།གཟའ་གསོལ།ལོ་རེའི་ནང་དུ་བོད་ཟླ་དང་པོའི་ཚེས་གཅིག་ལ་བརྟན་བཞུགས་དང་།གནས་བརྟན་ཕྱག་མཆོད།ཚེས་གསུམ་ལ་གསང་མཆོད།ཚེས་བཅུ་གྲྭ་ཚང་ལོ་སར་ལ་དོན་གླུ་རིང་མོ་དང་།ལྷ་མོ་བཅོ་ལྔ།བོད་ཟླ་གཉིས་པའི་ཚེས་དྲུག་ལ་འཆམ་རྒྱུགས་དང་།ཚེས་བདུན་ལ་སྐྱ་འགྲིགཚེས་དགུ་ནས་བཅོ་ལྔའི་བར་ཉིན་ཞག་བདུན་གྱི་རིང་ལ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་དགོངས་གཏེར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ལས་བྱང་དང་འབྲེལ་བའི་ཚེས་བཅུའི་སྒྲུབ་ཆེན་འཆམ་དང་སྦྲེལ་བའི་སྒྲུབ་པ་དབང་དང་བཅས་པ།བོད་ཟླ་བཞི་པའི་ཉེར་ལྔ་ལ་ཀླུ་མཆོད།བོད་ཟླ་དྲུག་པའི་ཚེས་པ་བཞི་ནས་རྡོར་སེམས་སྒྲུབ་མཆོད་བླ་མ་མཆོད་པ་ལྷན་ཐབས་སྦྲག་མ་དང་ཆོས་བྲོ་བཅས་ཉིན་བདུན་དང་།བོད་ཟླ་དྲུག་པའི་ཚེས་པ་བཅོ་ལྔ་ལ་གསོ་སྦྱོང་དང་ཚུལ་ཤིང་བཞེས་པ་ནས་ཚེས་བཅུ་དྲུག་ལ་དབྱར་ཁས་ལེན།བདུན་པའི་གནམ་གང་ལ་དགག་དབྱེ་སྟེ་སྡོམ་ཟླ་བ་གཅིག་དང་ཕྱེད་ཀྱི་རིང་ལ་དབྱར་གནས།བོད་ཟླ་དྲུག་པའི་ཚེས་པ་བཅོ་ལྔ་ལ་དབྱར་བསང་བཀྲ་ཤིས་རེ་སྐོང་དང་།གེ་སར་གསོལ་ཁ།བོད་ཟླ་དྲུག་པའི་ཉི་ཤུ་ལྔ་ནས་འཇམ་དཔལ་ཚེ་བདག་སྒྲུབ་པ་ཉིན་ལྔ།བོད་ཟླ་བདུན་པའི་ཚེས་པ་བཅུ་ནས་ཉིན་གྲངས་བདུན་གྱི་རིང་ལ་འཇའ་ཚོན་ཞི་ཁྲོའི་སྒྲུབ་མཆོད།བོད་ཟླ་བདུན་པའི་ཉི་ཤུ་ལྔ་ནས་བསྟན་གཉིས་སྒྲུབ་མཆོད་ཉིན་གསུམ།བོད་ཟླ་བརྒྱད་པའི་ཉི་ཤུ་བཞི་ནས་ཉིན་གྲངས་བདུན་གྱི་རིང་ལ་རྡོ་རྗེ་ཕུར་པའི་སྒྲུབ་པ།བོད་ཟླ་དགུ་པའི་ཚེས་བཅུ་བཞི་བཅོ་ལྔ་གཉིས་ས་ཆོག་དང་།ཉི་ཤུ་གཉིས་ནས་ཉིན་བདུན་ལ་མགོན་པོའི་སྒྲུབ་མཆོད་ཆེན་མོ་གཏོར་རྒྱག་འཆམ་དང་སྦྲེལ་བ།བོད་ཟླ་བཅུ་པའི་ཚེས་པ་བརྒྱད་དང་དགུ་གཉིས་ལ་འབར་ཆོག་གཏོར་རྒྱག་བཅས་པ།བོད་ཟླ་བཅུ་པའི་ཉི་ཤུ་གསུམ་ནས་ཉིན་དགུའི་རིང་ལ་བདེ་མཆོག་འཁོར་ལོ་སྡོམ་པའི་སྒྲུབ་ཆེན།བོད་ཟླ་བཅུ་གཅིག་པའི་ཚེས་པ་བཅུ་དགུ་ནས་ས་སྟ་ཆོག་དང་རྒྱན་འགོད་སྔོན་དུ་སོང་བའི་འཇམ་དཔལ་ཁྲོ་ཆུའི་སྒྲུབ་ཆེན་ཉིན་གྲངས་བཅུ་གསུམ་གཏོར་རྒྱག་འཆམ་དབང་མར་མེ་སྨོན་ལམ་དང་བཅས་པ།བོད་ཟླ་བཅུ་གཉིས་པའི་ཚེས་པ་ཉི་ཤུ་གཉིས་ནས་ས་སྟ་ཆོག་རྒྱན་འགོད་དང་བཅས་པ་སྔོན་དུ་སོང་བའི་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་འཆམ་དང་ལས་བཞིའི་སྦྱིན་སྲེག་དང་།མར་མེ་སྨོན་ལམ་བཅས་ཉིན་གྲངས་བརྒྱད་ལ་འཚོགས་ཀྱི་ཡོད་པ་རེད།དགོན་པའི་འཛིན་སྐྱོང་ནི་གཙོ་བོ་༧རྒྱལ་མཆོག་མདོ་ཁམས་པ་རང་ཉིད་ཀྱིས་གཟིགས་རྟོག་གནང་གི་ཡོད་ཅིང་།གཞིས་དགོན་གཉིས་ཀྱི་གཞུང་ལས་ཁང་དུ་གཙོ་འཛིན་གཞོན་པ་དང་ལས་རོགས་བཅས་བསྐོ་འཇོག་གནང་ཞིང་།གྲྭ་ཚང་ལ་ཡང་འཐུས་མི་གཉིས་དང་།ཆོས་ཁྲིམས་སོགས་ཀྱིས་རང་འབབ་ཀྱིས་གཟིགས་རྟོག་གནང་གི་ཡོད་པ་སོགས་ཀྱི་ལོ་རྒྱུས་སུ།རེག་གཟིགས་བགྱིས་པའོ།

Show Buttons
Hide Buttons