གཙོ་ངོས། / རྒྱལ་བ་མདོ་ཁམས་པ་རིན་པོ་ཆེའི་རྣམ་ཐར།

རྒྱལ་བ་མདོ་ཁམས་པ་རིན་པོ་ཆེའི་རྣམ་ཐར།

སྐུ་ཕྲེང་དང་པོ།

མདོ་ཁམས་དོན་བརྒྱུད་བསྟན་པའི་ཆུ་མགོ་རུ་གྲགས་པའི་ཁམས་སྒར་བྱེས་ཀྱི་གདན་སའི་ཆ་ལག བཤད་གྲྭ་ཐུབ་བསྟན་ལེགས་བཤད་འབྱུང་གནས་དགའ་ཚལ་གླིང་ངམ།འབྲུག་མཐོ་སློབ་རྡརྨ་ཀཱ་རའི་ལོ་རྒྱུས་ནི།མཁས་བཙུན་གྲུབ་པ་རྒྱ་མཚོའི་ཕ་རོལ་དུ་སོན་ཞིང་སྙན་པའི་གྲགས་པས་བོད་ཁམས་ཡུག་ཅིག་ཏུ་ཁྱབ་པའི་འབྲུག་ཁམས་སྤྲུལ་བཞི་པ་བསྟན་འཛིན་ཆོས་ཀྱི་ཉི་མས་གྱིང་ཕུ་དཔལ་གྱི་ཡང་དབེན་དུ་བཤད་གྲྭ་རྣམ་རྒྱལ་ཆོས་འཁོར་གླིང་རྟེན་དང་བརྟེན་པ་བཅས་པ་གསར་དུ་བཞེངས་སྐྲུན་གནང་བ་དང་།དྭགས་པོ་རྣམ་རབ་གྲྭ་ཚང་ནས་ཆོས་ཀྱི་སློབ་དཔོན་གདན་འདྲེན་བྱས་ཤིང་།ཕྱོགས་ཀྱི་བློ་གསལ་དོན་གཉེར་ཅན་བརྒྱ་དང་བརྒྱད་ཙམ་གྱིས་ཀློག་པ་ཐོས་བསམ་གྱི་བྱ་བར་བརྩོན་པ་ལྷོད་མེད་མཛད་པས།མཁས་བཙུན་བཟང་གསུམ་མངའ་བའི་རྗེས་འཇུག་མང་དུ་བྱུང་བར་མ་ཟད་བཀའ་བཅུ་རབ་འབྱམས་པ་ཡང་མང་ཙམ་ཐོན་ཞིང་བསྟན་པ་སྤྱི་དང་བྱེ་བྲག་གང་ལའང་ཕན་རླབས་རྨད་དུ་བྱུང་བ་བྱུང་ཡོད།འོན་ཀྱང་མི་རབས་འགའ་ཞིག་བརྗེས་པས་རིམ་པས་དགོན་པ་གྲྭ་ཚང་གི་རྣམ་པར་འགྱུར་ཞིང་དམིགས་བསལ་བཤད་གྲྭའི་ལུགས་ཀྱི་ཐོས་པ་སློབ་གཉེར་དག་ལ་མཇུག་སྐྱོང་བྱེད་མཁན་དེ་ཙམ་མ་བྱུང་བར་མངོན་ནོ། །དེ་ནས་རྗེ་བདུན་པ་མི་ཕམ་སངས་རྒྱས་བསྟན་འཛིན་གྱིས་ཁམས་སྒར་རང་དུ་བཤད་གྲྭ་ཚད་ལྡན་ཞིག་འཛུགས་རྒྱུའི་དགོངས་བཞེད་ཡོད་ནའང་། རིན་པོ་ཆེ་སྐུ་ཚེ་རིང་པོར་མ་བཞུགས་པའི་རྐྱེན་གྱིས་བཞེད་པ་འཕྲོ་ཅན་དུ་གྱུར།གོང་མའི་མཛད་པ་ཡང་སྲིད་ཀྱིས་བསྐྱང་དགོས་པ་དངོས་པོའི་ཆོས་ཉིད་ཡིན་པ་ལྟར།བདག་ཅག་རྣམས་ཀྱི་འདྲེན་པ་ཆེན་པོ་རྒྱལ་མཆོག་མདོ་ཁམས་པ་བསྐལ་བཟང་དོན་བརྒྱུད་ཉི་མས་གདན་ས་ཁམས་པ་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དུ་བཤད་གྲྭ་གསར་འཛུགས་གནང་ནས་སྔ་ཕྱིར་ནུབ་དགོན་མཁན་པོ་ལེགས་བཤད་དང་།ཀ་ཐོག་མཁན་པོ་ཚེ་རྡོ་སོགས་གདན་དྲངས་ཤིང་གྲུབ་དབང་རྡོ་རྫོང་རིན་པོ་ཆེ་དང་།ནུབ་དགོན་ཆོས་རྒྱལ་རིན་པོ་ཆེ་གཙོས་པའི་བློ་གསལ་དོན་གཉེར་ཅན་མི་ཉུང་བ་ཞིག་ནས་གཙུག་ལག་གཉིས་ལ་གུས་རྟག་གི་སྦྱོར་བས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པར་མཛད་ནའང་།གངས་ལྗོངས་བསོད་ནམས་ཀྱི་ཕུང་པོ་ཟད་ཅིང་བྲི་བས་རྒྱལ་བསྟན་གསེར་གྱི་ཉི་གཞོན་ཀླ་ཀློ་སྨག་གིས་ཟས་ཤིང་།བསྟན་པ་དང་བསྟན་འཛིན་སྐྱེས་བུ་རྣམས་ལ་ཆགས་ཆེན་ཉམ་ང་བྱུང་བས།ཕྱི་རྟེན་གཙུག་ལག་ཁང་།ནང་བསྟན་དགེ་འདུན་གྱི་སྡེ།གསང་བ་སྐུ་གསུང་ཐུགས་ཀྱི་རྟེན་དང་བཅས་པ་མི་མངོན་ཐལ་རླུང་ཁྲོད་དུ་ཡལ་བར་བྱས་སོ། །

ཕྱི་ལོ་༡༩༥༩་དུས་སྙིགས་མཐའ་དམག་གི་གནོད་འཚེས་འགྲོ་རྣམས་མྱ་ངན་གྱི་མུན་པར་ལྷག་པར་བཀྲི་བར་གྱུར་ཚེ།༧་རྒྱལ་བ་མདོ་ཁམས་པ་བསྐལ་བཟང་དོན་བརྒྱུད་ཉི་མ་སྟོན་འཁོར་བཅས་པ་འཕགས་ཡུལ་དུ་ཞབས་སོར་བཀོད་གྲུབ་རྗེས་ཀ་ལིང་སྤུང་དང་ཌ་ལ་ཧོ་སེ་བཅས་སུ་མཁན་པོ་བརྩོན་འགྲུས་དང་།མཁན་པོ་ཆོས་དར།མཁན་པོ་རིན་ཆེན་སོགས་གདན་ཞུས་ཀྱིས་གྲུབ་དབང་རྡོ་རྫོང་རིན་པོ་ཆེ་དང་།སྐྱབས་རྗེ་ཆོས་རྒྱལ་རིན་པོ་ཆེ་སོགས་ཀྱིས་འཆད་ཉན་གྱི་རྒྱུན་བསྐྱངས་བར་མཛད།ཕྱིས་བཀྲ་ཤིས་ལྗོངས་སུ་སྒར་གཞིས་གཏན་ཆགས་བྱུང་བ་དང་མཁན་པོ་མཁས་གྲུབ་དང་། མཁན་པོ་རིན་ཆེན་སོགས་གདན་འདྲེན་ཞུས་ཤིང་། མཁྱེན་བརྩེ་ཡེ་ཤེས་རིན་པོ་ཆེ་དང་།འཛི་སྒར་མཆོག་སྤྲུལ་རིན་པོ་ཆེ་སོགས་ཀྱིས་རྒྱ་བོད་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་ནན་གྱིས་མཛད།༧རྒྱལ་མཆོག་མདོ་ཁམས་པ་ཆེན་པོ་ལྷོ་མོན་འབྲུག་ཏུ་ཆིབས་སྒྱུར་གནང་ཁར་ཞལ་བསྒོས་ཀྱི་བཀའ་སློབ་ཕེབས་ཤིང་།མཁྱེན་བརྩེ་ཡེ་ཤེས་དང་།བློ་གསལ་བཟང་པོ་གཉིས་ལ་བཤད་གྲྭ་རང་རྐང་ཕེར་བ་ཞིག་དགོས་པས་དེ་ལུགས་ཀྱི་བསླབ་པ་སློབ་གཉེར་བྱེད་པ་ལ་འགྲུལ་བཞུད་ཀྱི་བཀའ་འཁྲོལ་གནང་བར་མཛད་པས་ཁམས་གྲྭ་བློ་གསལ་བཟང་པོའི་བླ་མའི་བཀའ་དགོངས་བཞིན་ས་སྐྱའི་མཁན་པོ་རིན་ཆེན་སོགས་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་ལོ་མང་རིང་བསླབ་པ་སློབ་

སྐུ་ཕྲེང་གཉིས་པ།

གཉེར་གནང་ཞིང་བསྟན་རྒྱུན་ལ་ཕན་ངེས་བྱུང་མཚམས།༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་ལྗོངས་སུ་ཁམས་གྲྭ་བློ་གསལ་བཟང་པོ་མཁན་ཁྲིར་མངའ་གསོལ་མཛད།ཁོང་ནི་བཀྲ་ཤིས་ལྗོངས་ཀྱི་མཁན་པོ་ཐོག་མ་དེ་ཡིན་ཞིང་ལོ་མང་རིང་ལ་༧འབྲུག་པ་མཐུ་ཆེན་ཆོས་ཀྱི་མགོན་པོ་མཆོག་དང་།གྲུ་དབང་ཚོགས་གཉིས་རིན་པོ་ཆེ་གཙོས་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པའི་གདུལ་ཞིང་དུ་གཏོགས་པ་ཁག་ནས་ཕེབས་པའི་གྲྭ་བཙུན་མ་ཉུང་བ་ཞིག་ལ་གཞུང་ཆེན་ཁག་གི་འཆད་ཁྲིད་བྱས།དེ་རྗེས་འཇམ་དབྱངས་མཁྱེན་བརྩེ་ཡེ་ཤེས་རིན་པོ་ཆེ་མཆོག་ནས་མདོ་ཁམས་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མའི་ཐུགས་རྗེ་དང་བཀའ་དྲིན་མཚོན་ཕྱིར། བྱེས་ཀྱི་གདན་ས་ཁམས་སྒར་བཀྲ་ཤིས་ལྗོངས་སུ་བཤད་གྲྭའི་གཙུག་ལག་ཁང་དང་། དགེ་འདུན་པའི་བཞུགས་ཤག རུང་ཁང་དང་གསོལ་དོད་སོགས་ཀྱི་མཐུན་རྐྱེན་སྦྱར་གནང་མཛད་ཅིང་། རིམ་གྱི་བོད་དང་།འབྲུག་པ།ལ་དྭགས།གར་ཞ།ཁུ་ནུ།སྤི་ཏིས།རྟ་མང་།ཤར་པ་བཅས་ཀྱི་སློབ་གཉེར་བའི་འདུ་བ་ཅུང་ཙམ་རྒྱས་པས།་༢༠༠༥་ལོར་༧རྒྱལ་བ་མདོ་ཁམས་པ་མཆོག་དང་སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་རྣམ་གཉིས་དབུས་རང་དགོན་གྱི་བླ་སྤྲུལ་རྣམ་པའི་ལམ་སྟོན་འོག་ཁམས་གྲྭ་ཆོས་དབྱིངས་ལྷུན་གྲུབ ༸རྒྱལ་བ་མདོ་ཁམས་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག་གིས་མཁན་ཁྲིར་མངའ་གསོལ་མཛད།

ཕྱི་ལོ་༢༠༠༩་ལོར་༧སྐྱབས་རྗེ་མདོ་ཁམས་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ་རིན་པོ་ཆེ་ནས་རྒན་བྱམས་པ་ཡོན་ཏན་དང་།རྒན་ངག་དབང་བཟང་པོ་གཉིས་མཁན་ཁྲིར་མངའ་གསོལ་མཛད།༢༠༡༠་ལོར་རྒན་ཚུལ་ཁྲིམས་རྣམ་རྒྱལ་ལ་མཁན་པོའི་ཕྱག་འཁྱེར་བསྩལ་ཅིང་བོད་འཁྲུལ་ཞིག་དགོན་དུ་མཁན་པོ་ཆེད་གཏོང་མཛད།༢༠༡༤་ལ་བསྟན་འཛིན་སྟོབས་རྒྱལ་དང་།བཀྲ་ཤིས་རྒྱལ་མཚན་གཉིས་མཁན་པོར་མངའ་གསོལ་ཞུས་ཤིང་། མཁན་པོ་བཀྲ་ཤིས་རྒྱལ་མཚན་བོད་གླིང་བསྟན་འཕེལ་དགོན་དུ་མཁན་པོར་བཏང་བར་བྱས། ༢༠༡༦་ལ་བློ་གྲོས་རྒྱ་མཚོ་དང་། མཁྱེན་རབ་རྒྱ་མཚོ། བསོད་ནམས་དབང་རྒྱལ། ཚེ་དབང་བདེ་ཆེན། བསོད་ནམས་གྲགས་པ་སོགས་མཁན་པོ་མངའ་གསོལ་བྱས། ༢༠༠༩་ནས་ལོ་རེར་བསླབ་པ་མཐར་སོན་མང་དུ་འབྱུང་བཞིན་ཡོད་ལ་སློབ་དཔོན་དང་སྐྱོར་དཔོན་བཅུ་ཕྲག་མང་པོ་བསྐོ་འཇོག་ཐུབ་པ་བྱུང་ཡོད།ད་ལྟའི་ཆར་བོད་ཚེས་བཅུ་དགོན་དང་།གླིང་བསྟན་འཕེལ་དགོན་སོ་སོར།མཁན་པོ་ཚུལ་ཁྲིམས་རྣམ་རྒྱལ་དང་།མཁན་པོ་བཀྲ་ཤིས་རྒྱལ་མཚན་གཉིས་ནས་བསྟན་པའི་གསོས་སུ་སྨིན་པའི་མཁན་པོའི་ཕྱག་ལས་གནང་གི་ཡོད་ཅིང་།མཁན་པོ་བསོད་ནམས་གྲགས་པ་དང་།སློབ་དཔོན་འཇིགས་མེད་ཚེ་རིང་གཉིས་ནས་ཕུན་ཚོགས་གླིང་བཤད་གྲྭ་དཔལ་ལྡན་བཀྲ་ཤིས་ཆོས་གླིང་དུ་དཔེ་ཁྲིད་གནང་གི་ཡོད་པ་དང་།སློབ་དཔོན་སྐལ་བཟང་ཟླ་བས་མཁོ་ཐང་རིན་ཆེན་གླིང་བཤད་གྲྭར་སློབ་ཁྲིད་གནང་གི་ཡོད། སློབ་དཔོན་བསོད་ནམས་སྟོབས་རྒྱལ་ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་དུ་སློབ་ཁྲིད་གནང་གི་ཡོད་ཅིང་། སློབ་དཔོན་ཚེ་རིང་དཔལ་འབྱོར་མདོ་སྡེ་བྲག་བཤད་གྲྭར་དཔེ་ཁྲིད་བྱེད་བཞིན་ཡོད་པ་དང་།གཞན་འབྲུག་བྱང་ཆུབ་ལྗོངས་དང་།ཟངས་དཀར་དགོན་ཁག་གསུམ།བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་།གློ་ཚོགས་གཉིས་བཙུན་དགོན།ལྷོ་འབྲུག་རྒྱལ་མཚན་སྤྲུལ་སྐུའི་སྔགས་གྲྭ་རྡོ་རྗེ་ཆོས་སྒར་བཅས་སུ་མཁན་པོ་གཏོང་གི་ཡོད།རྩ་བའི་བཤད་གྲྭ་རང་ལ་གཞི་རིམ་དང་དངོས་གཞི་གཉིས་སུ་ཡོད་ཅིང་།དགེ་འདུན་གྱི་འདུ་བ་རྒྱས་པོ་བྱུང་བས་སློབ་གླིང་གསར་སྐྲུན་དགོས་ངེས་སུ་གྱུར།དེ་ལྟར་ཡང་བླ་མའི་ཐུགས་རྗེ་དང་།བསྟན་པའི་སྦྱིན་བདགལས་བྱེད་རྣམས་ཀྱིས་འབད་འབུངས་སོགས་ནུས་མཐུ་གཅིག་དྲིལ་དུ་སོང་བས།སློབ་གླིང་གསར་པ་མཇུག་གྲུབ་ལ་ཉེ་བར་གྱུར་ཡོད་ཅིང་འཆར་ལོའི་ནང་དུ་སྤོ་བཞུགས་བྱེད་འཆར་ཡོད་པ་བཅས།ཁམས་སྒར་བཤད་གྲྭའི་ལོ་རྒྱུས་མདོ་བསྡུས་སོ། །

 

 

Show Buttons
Hide Buttons