གཙོ་ངོས། / ལེ་ཚན་གཞན། / ཕྱི་ལོ་ ༢༠༢༡ ལོའི་སློབ་གླིང་འགོ་འཛུགས་གནང་བ།

ཕྱི་ལོ་ ༢༠༢༡ ལོའི་སློབ་གླིང་འགོ་འཛུགས་གནང་བ།

རྗེས། སྔོན།
རྗེས། སྔོན།
ཕྱི་ལོ་ ༢༠༢༡ བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་བོད་ཟླ་དང་པོའི་ཚེས་ ༡༨ ཉིན་མོ་འཕགས་ཡུལ་བྱང་ཕྱོགས་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་ལོ་མཇུག་གི་གུང་སེང་རྫོགས་ཏེ། ལོ་སྔོན་མའི་གུང་སེང་ནས་ཕེབས་མ་ཐུབ་པའི་དགེ་སློབ་རྣམས་ཀྱང་ལོ་འདིར་ཕེབས་ཐུབ་པ་བྱུང་ཡོད། འདི་ལོའི་ཆོས་ཁྲིམས་སོགས་ལས་སྣེ་ཁག་དང་། མཐོ་སློབ་འདི་དང་མཐོ་སློབ་འདིའི་གཞི་རིམ་སློབ་གྲྭ། གྲྭ་ཚང་གི་སློབ་གྲྭ། འབྲེལ་ཡོད་དགོན་སྡེ་ཁག་ཏུ་དཔེ་ཁྲིད་གནང་མཁན་སོགས་གཏན་ཁེལ་བཀོད་སྒྲིག་ཞུས། བོད་ཚེས་ ༢༠ ཉིན་དྭགས་བརྒྱུད་སྙིང་པོ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པའི་སྲོག་ཤིང་ཆེན་པོ། གདན་ས་ཁམས་པ་སྒར་དགོན་མ་ལག་དང་བཅས་པའི་བསྟན་བདག་ ༧ དཔལ་རྒྱལ་བ་མདོ་ཁམས་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག་གིས་དབུས། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། འདི་ག་མཐོ་སློབ་ཁང་དང་། གྲྭ་ཚང་། འབྲེལ་ཡོད་དགོན་སྡེ་ཡོངས་ཀྱི་བདེ་རིམ་དུ་དམིགས་ཏེ་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པ་འབུམ་ལྗགས་ཀློག་གནང་། བོད་ཚེས་ ༢༡ གཟའ་སྐར་དགེ་བའི་ཉིན་མོར་འདི་ལོའི་འཛིན་གྲྭ་ཁག་གི་སློབ་ཁྲིད་འགོ་འཛུགས་གནང་རྒྱུ་བཅས་སོ།།

Check Also

༧ སྐྱབས་རྗེ་བདེ་བར་གཤེགས་པར་གྲུབ་དབང་རྡོ་རྫོང་བརྒྱད་པའི་འདས་མཆོད།

དེ་རིང་སྟེ། རབ་གནས་ལྕགས་གླང་ལོའི་མཆུ་ཟླ་བའི་ཚེས་ ༢༡ ཉིན་མོ་ནི། དྭགས་བརྒྱུད་སྙིང་པོ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པའི་སྲོག་ཤིང་ཆེན་མོ་ ༧ དཔལ་རྒྱལ་བ་མདོ་ཁམས་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག་གི་རིགས་ཀྱི་བདག་པོ་ ༧ སྐྱབས་རྗེ་བདེ་བར་གཤེགས་པར་གྲུབ་དབང་རྡོ་རྫོང་བརྒྱད་པ་དཔལ་ལྡན་དོན་བརྒྱུད་བསྟན་འཛིན་རིན་པོ་ཆེ་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ནས་བགྲང་བྱ་ཧྲིལ་པོ་ལྔ་འཁོར་བའི་ཉིན་མོ་ཡིན་པས། འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། དགུན་དུས་ཀྱི་གུང་སེང་དུ་མ་ཕེབས་མཁན་གྱི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་གཙོས་པའི་འདུས་མང་ཡོངས་ཀྱིས་རྒྱལ་བ་མི་འཁྲུགས་པའི་ཆོ་ག་དང་། བླ་མ་མཆོད་པའི་ཆོ་གའི་སྒོ་ནས་དགོངས་རྫོགས་དང་འབྲེལ་བའི་མཆོད་འབུལ་སྨོན་ལམ་འཚོགས་ཡོད། ༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་ཞིང་གཤེགས་དམ་པ་གང་ཉིད་བདག་སོགས་ལྟོས་བཅས་གདུལ་བྱ་རྣམས་ཀྱི་མགོན་དུ་ཡང་སྲིད་འཁྲུལ་བྲལ་མགྱོགས་མྱུར་བར་ཕེབས་ཏེ་གོང་མའི་རྣམ་ཐར་བདག་གིར་བཞེས་པའི་གསོལ་འདེབས་སྨོན་ལམ་ཡང་ཡང་ཞུའོ། །

Show Buttons
Hide Buttons