གཙོ་ངོས། / ལེ་ཚན་གཞན། / དབྱར་གནས་ལེགས་པར་གྲུབ་པ།

དབྱར་གནས་ལེགས་པར་གྲུབ་པ།

རྗེས། སྔོན།
རྗེས། སྔོན།
བོད་ཟླ་བདུན་པའི་བོད་ཚེས་ཉི་ཤུ་དགུ། དེ་རིང་དྭགས་བརྒྱུད་སྙིང་པོ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཐོས་བསམ་སློབ་གཉེར་གྱི་ལྟེ་གནས། འཕགས་ཡུལ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རིའི་གཙུག་ལག་སློབ་གཉེེར་ཁང་ནས། སྤྱི་མཚུངས་ཡུལ་དུས་གནས་བབ་ཀྱི་གཉན་འཕྲང་འདིའི་འོག །དབྱར་གནས་ལེགས་པར་གྲུབ་ཏེ་དགག་དབྱེ་ལ་ཁེལ་བས། དམ་ཆོས་འདུལ་བའི་དགོངས་དོན་བཞིན། མདང་དགོང་མཚན་ཐོག་ཐག་ཆོས་ལྡན་གྱི་བྱ་བས་འདའ་བར་མཛད་པ་སྟེ། དེ་ཡང་ཁ་སང་དགོང་མོ་ཆུ་ཚོད་བརྒྱད་པ་ནས། མཁན་པོ་དགེ་ལས་སློབ་གཉེར་བ་ཡོངས་རྫོགས་གཙུག་ལག་ཁང་དུ་ཚོགས་ཤིང་། གནས་བརྟན་ཕྱག་མཆོད་ཀྱི་ཆོ་ག་གསུངས་པ་དང་། དེ་ནས་ནམ་སྨད་ཆུ་ཚོད་བཞི་པའི་བར་དུ་རིམ་པས་ཕར་ཕྱིན་དམ་བཅའ་འཚོགས་པ་དང་། གོང་མའི་རྣམ་ཐར་གསུངས་པ། ཚད་མའི་དམ་བཅའ་འཚོགས་པ། སློབ་གཉེར་པ་དང་དགེན་རྣམ་པ་འགའ་ཞིག་གིས་བགྲོ་གླེང་དམ་བཅའ་བཞག་པ་དང་། འགའ་ཞིག་གིས་གཞུང་གི་དཀའ་གནད་སྐོར་ལ་དཔྱད་གླེང་མཛད་ཡོད། དེ་ནས་ཐོ་རངས་ཆུ་ཚོད་བཞི་པ་ནས་དབྱར་དགག་དབྱེའི་ཆོ་ག་དབུ་འཛུགས་མཛད་ཅིང་། ཞོགས་པ་ཆུ་ཚོད་བརྒྱད་པ་མ་ཟིན་ཙམ་ལ་སྨོན་ལམ་ཤིས་བརྗོད་དང་བཅས་འཇུག་ལེགས་པར་གྲུབ་པ་ལགས་སོ།།

Check Also

༧ སྐྱབས་རྗེ་བདེ་བར་གཤེགས་པར་གྲུབ་དབང་རྡོ་རྫོང་བརྒྱད་པའི་འདས་མཆོད།

དེ་རིང་སྟེ། རབ་གནས་ལྕགས་གླང་ལོའི་མཆུ་ཟླ་བའི་ཚེས་ ༢༡ ཉིན་མོ་ནི། དྭགས་བརྒྱུད་སྙིང་པོ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པའི་སྲོག་ཤིང་ཆེན་མོ་ ༧ དཔལ་རྒྱལ་བ་མདོ་ཁམས་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ་མཆོག་གི་རིགས་ཀྱི་བདག་པོ་ ༧ སྐྱབས་རྗེ་བདེ་བར་གཤེགས་པར་གྲུབ་དབང་རྡོ་རྫོང་བརྒྱད་པ་དཔལ་ལྡན་དོན་བརྒྱུད་བསྟན་འཛིན་རིན་པོ་ཆེ་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ནས་བགྲང་བྱ་ཧྲིལ་པོ་ལྔ་འཁོར་བའི་ཉིན་མོ་ཡིན་པས། འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། དགུན་དུས་ཀྱི་གུང་སེང་དུ་མ་ཕེབས་མཁན་གྱི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་གཙོས་པའི་འདུས་མང་ཡོངས་ཀྱིས་རྒྱལ་བ་མི་འཁྲུགས་པའི་ཆོ་ག་དང་། བླ་མ་མཆོད་པའི་ཆོ་གའི་སྒོ་ནས་དགོངས་རྫོགས་དང་འབྲེལ་བའི་མཆོད་འབུལ་སྨོན་ལམ་འཚོགས་ཡོད། ༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་ཞིང་གཤེགས་དམ་པ་གང་ཉིད་བདག་སོགས་ལྟོས་བཅས་གདུལ་བྱ་རྣམས་ཀྱི་མགོན་དུ་ཡང་སྲིད་འཁྲུལ་བྲལ་མགྱོགས་མྱུར་བར་ཕེབས་ཏེ་གོང་མའི་རྣམ་ཐར་བདག་གིར་བཞེས་པའི་གསོལ་འདེབས་སྨོན་ལམ་ཡང་ཡང་ཞུའོ། །

Show Buttons
Hide Buttons