གཙོ་ངོས། / གཟིགས་སྐོར། / བསླབ་པ་ཐར་སོན་གྱི་མཛད་སྒོ་མཇུག་གྲུབ། 

བསླབ་པ་ཐར་སོན་གྱི་མཛད་སྒོ་མཇུག་གྲུབ། 

 

 

ཕྱི་ལོ་༢༠༢༦ ཕྱི་ཟླ་ ༠༡ ཕྱི་ཚེས་ ༠༣ བོད་རྒྱལ་ལོ་༢༡༥༢ བོད་ཟླ་ ༡༡ བོད་ཚེས་ ༡༥ སྟེ་ཚེས་བཟང་པོ་བཀྲ་ཤིས་པའི་དགེ་བའི་ཉིན་མོར། བྱེས་ཀྱི་གདན་ས་ཁམས་པ་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། རྡོ་རྗེ་འཛིན་པ་རྟོགས་ལྡན་མཐུ་སྟོབས་ཉི་མ་མཆོག ། སྤོབས་སྤྲུལ་སྐུ་མཆོག ། མཁན་པོ་དགེ་བའི་བཤེས་གཉེན་རྣམ་པའི་དབུས་པས། དོན་བརྒྱུད་དགའ་འཚལ་གླིང་གི་མཁན་མོ་དང་བཙུན་མ། བཀྲ་ཤིས་ལྗོངས་དད་ལྡན་མི་དམངས་འདུས་ཚོགས་སུ། མཛད་རིམ་དང་པོ་རྟོགས་ལྡན་མཆོག་ནས་སྟོན་པ་ཐུབ་པའི་དབང་པོའི་མདུན་དུ་སྣང་གསལ་སྒྲོན་མེ་ཞལ་ཕྱེ་བ་དང་། དབུ་མཛད་ནས་དཀོན་མཆོག་རྗེས་དྲན་གྱི་མདོ། འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ། བླ་རྒྱུད་གསོལ་འདེབས་བཅས་འདོན་མཚམས།

བཤད་གྲྭའི་དགེ་བསྐོས་འཇིགས་མེད་ཆོས་ནོར་ལགས་ནས་བསླབ་པ་ཐར་སོན་གྱི་མཛད་རིམ་སྒྲོག་སྦྱང་གནང་སོང་། མཛད་རིམ་གཉིས་པ་ནས་མཛད་རིམ་དགུ་པ་བར་མཁན་པོ་དོན་བརྒྱུད་རྒྱལ་མཚན་ནས་ཕྱི་ལོ་༢༠༢༥ ལོའི་བསླབ་པ་ཐར་སོན་རྣམས་ལ་སློབ་ཐོན་པའི་ཕྱག་ཁྱེར། ཕྱི་ལོ་་༢༠༢༤ དང་ ༢༠༢༥ ལོའི་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར། ཕྱི་ལོ་༢༠༢༤ ལོའི་སྐྱོར་དཔོན་གསར་པའི་ཕྱག་ཁྱེར། ཕྱི་ལོ་ ༢༠༢༤ དང་། ༢༠༢༥ ལོའི་བསྡུས་གྲྭ་འཛིན་གྲྭ་ནས་སྔགས་འཛིན་གྲྭའི་བར་གྱི་གྲུབ་འབྲས་བརྒྱ་ཆ་ཨང་དང་པོ་དང་གཉིས་པ་གསུམ་པའི་བྱ་དགའ་གསོལ་རས་བཞེས་མཁན་རྣམས་ཀྱི་མཚན་ཐོ་བསྒྲགས་པ་དང་།

རྟོགས་ལྡན་མཐུ་སྟོབས་ཉི་མ་མཆོག་ནས་སློབ་ཐོན་པའི་ཕྱག་ཁྱེར་དང་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་བཀའ་དྲིན་བསྩལ་གནང་མཛད། སྤྲུལ་སྐུ་སྤོབས་པ་མཆོག་ནས་སྐྱོར་དཔོན་རྣམས་ལ་སྐྱོར་དཔོན་གྱི་ཕྱག་ཁྱེར། མཁན་པོ་བློ་གསལ་ནས་གཞི་རིམ་འཛིན་གྲྭ་བརྒྱད་པ་རྣམས་ལ་འཛིན་གྲྭ་བརྒྱད་པའི་ཕྱག་ཁྱེར་བཀའ་དྲིན་བསྐྱངས། མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་དང་བྱམས་པ་ཡོན་ཏན་མཆོག་ནས་ཕྱི་ལོ་༢༠༢༤ དང་༢༠༢༥ ལའི་བཤད་གྲྭ་དང་གཞི་རིམ་སློབ་ཕྲུག་རྣམས་བྱ་དགའ་གསོལ་རས་བསྩལ་གནང་། མཁན་པོ་བསོད་ནམས་དབང་རྒྱལ་མཆོག་ནས་དམིགས་བསལ་ལས་བྱེད་པ་ཁག་ལ་ལེགས་གསོལ་བྱ་དགའ་བཀའ་དྲིན་བསྩལ།

མཇུག་ཏུ་མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་མཆོག་ནས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་ཟབ་རྒྱས་བཀའ་དྲིན་བསྐྱངས་པ་དང་། མཐར་མཁན་སྤྲུལ་རྟོགས་ལྡན་དང་ལྷན་སྐུ་པར་སྒྲོན་ནས་བསྟན་རྒྱས་སྨོན་ལམ་དང་བཅས་མཛད་སྒོ་བདེ་ལེགས་ཀྱི་ངང་ནས་མཇུག་གྲོལ།

 

 

 

Check Also

རྒྱལ་བ་མདོ་ཁམས་པ་མཆོག་དང་སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་རྣམ་གཉིས་མཇལ་ཕྲད་བྱུང་བ།

བོད་རྒྱལ་ལོ་༢༡༥༢ ཕྱི་ལོ་༢༠༢༥ བོད་ཟླ་༠༢་ བོད་ཚེས་༧ ཉིན། དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་མཆོག་དང་འབྲུག་གསང་སྔགས་ཆོས་གླིང་དགོན་པའི་དབུ་སློབ་ཆོས་གསུམ། བལ་ཡུལ་འབྲུག་ཨ་མི་ཏ་བྷའི་བཙུན་མ་དང་བཅས་མཚོ་པདྨར་ཕེབས་ཞོར། འདི་ག་བྱེས་ཀྱི་གདན་ས་ཁམས་པ་སྒར་བཀྲ་ཤིས་ལྗོངས་སུ་མཆོད་མཇལ་གྱི་ཆེད་ཕེབས་པ་དང་། ཁམས་སྒར་གྲྭ་ཚང་དཔལ་ཕུན་ཚོགས་ཆོས་འཁོར་གླིང་གི་ཀུན་དགའ་ར་བར་རྒྱལ་བ་མདོ་ཁམས་པ་མཆོག་དང་ཐུགས་དགྱེས་ཚོར་ངང་མཇལ་ཕྲད་བྱུང་བ་དང་། སྐྱབས་རྗེ་རྒྱལ་བ་མདོ་ཁམས་པ་མཆོག་ནས་ཆོས་འབྲེལ་གྱི་ཚུལ་དུ་ཁམས་སྤྲུལ་སྐུ་འཕྲེང་གསུམ་པ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་མཛད་པའི་གདམས་ངག་གསེར་ཞུན་མའི་ལྗགས་ལུང་བཀའ་དྲིན་སྩལ་ནས་གསོལ་ཇ་བཞེས་མཚམས། སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་སྐུ་འཁོར་ལྷན་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་ཆིབས་སྒྱུར་བཀའ་དྲིན་གནང་ནས་ཉིན་གུང་གསོལ་ཚིགས་བཤད་གྲྭའི་མཁན་པོ་དགེ་རྒན་ལས་བྱེད་ལྷན་དུ་བཞེས་གནང་སོང་། རིན་པོ་ཆེ་མཆོག་བཤད་གྲྭའི་དཔེ་མཛོད་དང་རྩོམ་སྒྲིག་ཁང་སོགས་ལ་ཡང་གཟིགས་སྐོར་ལ་ཕེབས།   

Leave a Reply

Your email address will not be published. Required fields are marked *

Show Buttons
Hide Buttons