• ཚོགས་ཡུལ། གདན་ས་ཁམས་པ་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་ར། •
བོད་རྒྱལ་ལོ། ༢༡༥༡ བོད་ཟླ། ༤ བོད་ཚེས་ ༢༧ ཉིན། འདི་ག་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གོ་སྒྲིག་འོག ། དེ་རིང་ནས་བཟུང་ཉིན་གྲངས་བཞིའི་རིང་ལ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བདུན་པ།བརྗོད་གཞི་ཚད་མ་རྣམ་འགྲེལ་དང་།བོན་གཞུང་ཚད་མ་ཀུན་བཏུས་ཐོག་བགྲོ་གླེང་གནང་གི་ཡོད་པ་དང་།
དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་མདོ་ཁམས་པ་མཆོག་དང་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་རྒྱལ་མཚན་མཆོག ། སྤྲུལ་སྐུ་སྤོབས་པ་རབ་འབྱམས་མཆོག་དང་རྗེ་བཙུན་མ་བསྟན་འཛིན་དཔལ་མོ་མཆོག རྟོགས་ལྡན་རྒྱ་མཚོ་གཙོས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་གསུང་བཤད་པ་དང་ཚོགས་བཅར་བ་སེར་སྐྱ་མི་དམངས་བཅས་གདན་འཛོམས་བྱུང་ཡོད།
བོད་རྒྱལ་ལོ། ༢༡༥༡ ཕྱི་ལོ། ༢༠༢༤ ཕྱི་ཟླ། ༦ ཚེས། ༦ བཀྲ་ཤིས་པའི་དགེ་བའི་ཉིན་མོ།འདི་ག་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། འདས་པའི་ཉིན་བཞིའི་རིང་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བདུན་པ་ཚོགས་ནས་དེ་རིང་ཉིན་ཐ་མ་ཆགས་ཡོད་ལ། ཉིན་གུང་རྗེས་སུ་ཐུན་མོང་བགྲོ་གླེང་དང་མཇུག་བསྡོམས་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད། སྐབས་དེར་གསུང་བཤད་པ་དང་ཚོགས་བཅར་བ་ཁག་ནས་ཉིན་བཞིའི་རིང་གི་བགྲོ་གླེང་གི་མྱོང་ཚོར་རེ་གསུངས་པ་དང་། མཐོ་སློབ་འདིའི་ཚོགས་གཙོ་མཁན་པོ་བྱམས་པ་ཡོན་ཏན་མཆོག་ནས་ཕྱོགས་མཐའ་ཁག་ནས་ཕེབས་པ་རྣམས་ལ་བཤད་གྲྭའི་ངོས་ནས་དྲན་རྟེན་དང་མཇལ་དར་རེ་ཕུལ་ཡོད། མཁན་པོ་མཆོག་ནས་མཇུག་བསྡོམས་དང་འབྲེལ་བའི་གསུང་བཤད་རྒྱས་བསྡུས་འཚམས་པོ་ཞིག་ཀྱང་གནང་སོང་།མཐའ་མ་ལ་བློ་སྦྱོང་ཚིག་བརྒྱད་མ་དང་བཟང་སྤྱོད་སྨོན་ལམ་གྱི་སྒོ་ནས་བསྔོ་བ་སྨོན་ལམ་དང་བཅས་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བདུན་པ་འདི་མཇུག་བསྡུས་པ་ལགས།
